བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང༌།


རིག་གཞུང་ཉམས་ཞིབ་སྡེ་ཚན་ནི་རང་རེ་བོད་ཀྱི་དཔེ་མཛོད་ཁང་གི་རྨང་རྡོ་མ་བཏིང་གོང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་བླ་མེད་ལས་གྲུབ་པ་ཞིག་ཡིན་པ་འདི་གའི་གསར་འཕྲིན་རྙིང་པ་དག་ལས་གསལ་པོར་རྟོགས་ཐུབ། སྡེ་ཚན་འདི་ནི་སྐབས་དེར་རྩོམ་རིག་ཚོགས་ཆུང་ལྟ་བུའི་ངོ་བོར་གནས་འདུག་ཅིང། ཚོགས་ཆུང་འདིའི་ནང་རང་རེ་བོད་ཀྱི་མཁས་དབང་མང་པོས་ཕྱག་ལས་གནང་མྱོང་ཡོད།

ལྷག་པར་དུ་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་འདི་གའི་དཔེ་དེབ་ཆ་ཚང་དེབ་ཕྲེང་གི་ལམ་བུར་བསྒྱུར་ཏེ་ད་བར་དཔར་སྐྲུན་བྱས་པའི་སྡོམ་ཐོ་རགས་རྩིས་བྱས་པར། ལོ་རྒྱུས་སྐོར་དཔེ་དེབ་གྲངས་༦༤།  རྣམ་ཐར་སྐོར་དཔེ་དེབ་གྲངས་༣༥།  སྐད་ཡིག་སྐོར་དཔེ་དེབ་གྲངས་༣༥།   ནང་ཆོས་སྐོར་དཔེ་དེབ་གྲངས་༨༩།   རིག་གཞུང་སྐོར་དཔེ་དེབ་གྲངས་༢༢།   བརྗོད་བྱ་སྣ་ཚོགས་སྐོར་དཔེ་དེབ་གྲངས་༨། གསོ་བ་རིག་པ་དང་འབྲེལ་བའི་སྐོར་གྱི་དཔེ་དེབ་གྲངས་༧། གཏམ་ཚོགས་དུས་དེབ་འདོན་ཐེངས་༤༤།  བཅས་ཕྱི་ལོ་ ༡༩༧༢ ལོ་ནས་བཟུང་ད་བར་སྡེ་ཚན་འདི་རང་ནས་དཔེ་དེབ་ཁྱོན་བསྡོམས་གྲངས་ ༣༠༤ དཔར་སྐྲུན་འགྲེམས་སྤེལ་ཞུས་ཏེ། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞབས་ཞུ་གང་ལེགས་བསྒྲུབས་དང་སྒྲུབ་མུས་ཡིན། དཔེ་དེབ་དེ་དག་ཚོང་སྒྱུར་བྱས་པའི་རིན་འབབ་ཀྱིས་འཆར་འཕར་ལས་དོན་ཁག་ལ་འགྲོ་གྲོན་གཏོང་བཞིན་ཡོད་པ་དང་། འདི་ག་སྡེ་ཚན་ནས་དཔར་སྐྲུན་བྱས་པའི་དཔེ་དེབ་ཁག་གིས་འཛམ་གླིང་ནང་བོད་ཀྱི་རིག་གཞུང་དང་ནང་པའི་ལྟ་གྲུབ་ལ་གོ་རྟོགས་ཟབ་མོ་ལོན་པར་ལེགས་སྐྱེས་གང་ལ་གང་འཚམ་ཕུལ་ཡོད།

སྡེ་ཚན་འདིས་བོད་ཀྱི་རིག་གཞུང་ལ་ཉམས་ཞིབ་བྱེད་རྒྱུ་གཙོ་བོར་གྱུར་པའི་ཐོག  དཔེ་རྙིང་དཀོན་རིགས་བཙལ་འཚོལ་གྱིས་བསྐྱར་དཔར་དང་། ཕྱག་དེབ་གསར་པ་ཡིན་ཡང་ཀློག་པ་པོ་ལ་དགོས་གལ་ཆེ་རིགས་རྣམས་དཔར་སྐྲུན་བྱེད་རྒྱུ་སོགས། དང་ཐོག་ཡི་འབྲུ་རེ་རེ་བཞིན་གློག་ཀླད་དུ་བཙུད་རྒྱུ་ནས་འགོ་བཙུགས་ཏེ་ཐ་མའི་ཞུ་དག་དང་དེབ་གཟུགས་བཟོ་སྐྲུན་བར་གྱི་བརྒྱུད་རིམ་ཆ་ཚང་ལྷག་ལུས་མེད་པར་སྒྲུབ་ཀྱིན་ཡོད། འདི་ནས་དཔར་སྐྲུན་གང་ཞིག་བྱས་པ་རྣམས་དཔར་སྐྲུན་བྱེད་དགོས་མིན་དང་། དཔར་སྐྲུན་བྱས་ན་རྒྱ་ཆེའི་ཀློག་པ་པོ་དག་ལ་ཕན་རླབས་ཅི་ཙམ་ཡོད་མེད་སོགས་ལ་ཞིབ་འཇུག་གཙོ་བོར་བྱས་ཏེ་དཔར་སྐྲུན་དགོས་མིན་གྱི་ཐག་གཅོད་བྱེད་ཀྱི་ཡོད། 

འབྲེལ་ཡོད་མི་སྣ།

སངས་རྒྱས་བསྟན་དར།
དཔར་སྐྲུན་དང་ཉམས་ཞིབ་སྡེ་ཚན་འགན་འཛིན།

འཕབ་ལེན།