ངག་རྒྱུན་ལོ་རྒྱུས་སྡེ་ཚན།

༈ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་དགོངས་གཞི་དགོས་པ་བླ་མེད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་སྐྱོང་གོང་འཕེལ་གྱི་རྨང་གཞིའི་སྲི་ཞུར་དམིགས་ཏེ། ༡༩༧༠ ལོར་འདི་ག་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་འདི་བཞིན་ཆེད་དུ་རྩ་འཛུགས་བསྐྱངས་པ་ལྟར། སྐབས་བབས་ཆོས་རིག་གང་སར་སྤྱི་སྨན་ཞབས་འདེགས་གཞི་རྒྱ་མི་ཆུང་བ་ཞིག་བསྒྲུབས་དང་སྒྲུབ་བཞིན་པའི་ཡ་གྱལ། བོད་བསྟན་སྲིད་མི་རིགས་ལོ་རྒྱུས་གོམས་སྲོལ་དང་བཅས་པར་དུས་འགྱུར་རྐྱེན་དབང་ཤུགས་དྲག་གིས་ཉམས་རྒུད་སྣ་ཚོགས་བྱུང་དང་ཡོང་འགྱུར་བློས་འགན་བཟོད་བྲལ་ལ་བརྟེན། རང་རེའི་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ཁོངས་སེར་སྐྱ་ཞི་དྲག་མི་སྣ་རྒན་རབས་རྣམས་ཀྱི་ཞལ་རྒྱུན་ཁོ་ནར་གནས་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང༌། ཡུལ་དགོན་མཁར་རྫོང་གི་ཆགས་རབས། རིས་མེད་སྐྱེས་ཆེན་དང་གྲུབ་ཐོབ་རྣལ་འབྱོར་ཕོ་མོའི་མཛད་པ་རྣམ་ཐར། གསང་སྔགས་ཐུན་མོང་མ་ཡིན་པའི་དབང་བཀའ་དང་མན་ངག་ཟབ་ཁྲིད། ལྷ་ལྡན་སྨོན་ལམ་ཆེན་མོ་སོགས་གདན་ས་ཆོས་རྒྱུད་མ་ལག་སོ་སོའི་མདོ་སྔགས་ཕྱག་བཞེས་ཆོག་རྒྱུན་དང༌། གར་ཐིག་དབྱངས་གསུམ། ཆབ་སྲིད་ཞི་དྲག་གི་སྣེ་མོ་བ་དང་དཔོན་བརྒྱུད། རིག་གནས་དང་ལག་རྩལ་མཁས་པ་སོགས་མི་སྣ་ཅི་རིགས་ཀྱི་ལོ་རྒྱུས། གཏེར་དངོས་ཁྱད་ནོར་དང་ལག་རྩལ་ཐོན་ཁུངས། ཡུལ་ལུང་སོ་སོའི་ལོ་གསར་སོགས་དུས་སྟོན་ཁག ནམ་དུས་དང་འབྲེལ་བའི་ཞིང་འབྲོག་འཚོ་བའི་ལས་རྩོལ་རྣམ་གྲངས། གཉེན་སྒྲིག་ཆང་སའི་ལམ་སྲོལ། བླ་སློབ་རིམ་བརྒྱུད་དང་ཕ་ཚེ་བུ་རབས་སུ་བརྒྱུད་པའི་ཆོས་སྲིད་ལས་འབྲས་དང༌། མི་སྤྱོད་ཡ་རབས་སུ་སྤྱོད་པའི་ཟབ་གནད་སྟོན་པའི་ངག་གདམས་བསླབ་བྱ་མི་རབས་ཀྱི་ཞལ་རྒྱུན། གནག་ཕྱུགས་དང་སྒོ་ཟོག་སེམས་ཅན་སྐྱེ་འཕེལ་སྐྱོང་གསུམ་སྐོར།

དེ་བཞིན་བོད་རྒྱལ་ཁབ་ཆེན་པོའི་མཐའ་དབུས་ཁོར་ཡུག་གངས་རི་དང༌། གནས་རི། རྩྭ་ཐང༌། ཆུ་ཆེན། མཚོ་དང་མཚེའུ་སོགས་ཀྱི་གནས་བབས། རི་ཀླུང་སྐམ་གཤེར་དུ་གནས་པའི་སྲོག་ཆགས་སྤྱི་སྒོས་ཀྱི་རྣམ་གྲངས་དང་རང་བྱུང་ཁྱད་ཆོས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་སྐོར། བོད་རང་གི་ཕོ་མོ་རྒན་དར་གཞོན་གསུམ་སོ་སོའི་རྩེད་མོའི་རྣམ་གྲངས་དང༌། རྩལ་སྦྱོང༌། ཡུལ་ལུང་སོ་སོའི་ཕོ་མོའི་ཆས་གོས་དང་རྒྱན་ཆའི་བྱེ་བྲག ལྷག་པར་གཞས་ཆེན་དང༌། གདངས་རིང༌། འཁྲུག་གཞས། ལ་གླུ། འབྲོག་གཞས། གླིང་སྒྲུང༌། འབྲས་དཀར་དང་རྦད་ལ་སོགས་པའི་བཤད་པའི་རྣམ་གྲངས། ཕ་གཏམ་བུ་འཇགས་ཀྱི་ཁ་ཤགས་དང་གཏམ་དཔེ། འདས་པའི་ལོ་རྒྱུས་མཚོན་ནུས་ཀྱི་དཔྱད་གཞས་དང་རྒྱག་གཏམ་གླུ་ཤགས་སོགས་མདོར་ན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་ཁྱད་ཆོས་དང༌། རྒྱུན་འཇགས་གོམས་གཤིས་བཟང་པོའི་ར་སྤྲོད་མཚོན་ངེས་བརྗེད་དུ་ཕངས་པ་རྣམས་ད་ཆ་མི་རབས་བརྗེས་དང་བརྗེ་མཚམས་སུ་གཏུགས་པས་སྔོན་རྗེས་རྒྱུན་མཐུད་ཟམ་པ་ལྟ་བུའི་འགན་ཁུར་ད་ལྟའི་མི་རབས་འདིར་འཁྲི་བ་རང་བཞིན་ཡལ་བོར་དུ་འཇོག་བློས་མ་བཟོད་པར་མཁས་མྱོང་གཉིས་ཅན་གྱི་རང་རིགས་བགྲེས་སོང་ཁག་རིམ་གཤེགས་ལོ་རེ་ཇེ་ཉུང་དུ་འགྲོ་བཞིན་ལ་བརྟེན། རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་དང༌། བལ་ཡུལ། འབྲུག་ཡུལ། ཀ་རྡོར་སྒང་གསུམ། དྷ་ས། སྤི་ཏི། ཀི་ནོར། ལ་དྭགས། མ་ནཱ་ལི་སོགས་བོད་མི་འདུ་སྡོད་ས་གནས་གང་སར་ད་ལྟ་འཚོ་བཞུགས་སེར་སྐྱ་བགྲེས་སོང་ཁག་ཆེད་དུ་གདན་ཞུ་དང༌། ཡང་ན་ཁུངས་སོ་སོར་མི་འགྲོ་ཆེད་བཅར་གྱི་ལམ་ནས་བོད་ཆོལ་གསུམ་རྒྱ་ཁྱབ་ཚང་མའི་ལོ་རྒྱུས་ཅི་རིགས་འཚོལ་ཞིབ་སྒྲ་འཇུག་བྱས་ཏེ་གསོག་སྒྲུབ་ལས་དོན་བྱེད་པོ་ངག་རྒྱུན་ལོ་རྒྱུས་སྡེ་ཚན་འདི་བཞིན་ཕྱི་ལོ་ ༡༩༧༦ ལོར་ཆེད་དུ་ཟུར་འཛུགས་གནང་བ་ལྟར། འགན་ཁུར་ཡིག་འབེབས་ཀྱིས་རང་རེའི་བོད་མིའི་སྤྱི་ཚོགས་ཁྲོད་དུ་དར་སྤེལ་སྔར་ལམ་རྒྱུན་འཇགས་འབྱུང་ཐབས་སུ་དེབ་ཕྲེང་རིམ་མཐུད་དཔར་འདོན་ཐུབ་ཐབས་ཁུར་བརྩོན་ཞུ་བཞིན་ཡོད། དེ་ཡང་ལོ་རྒྱུས་གསུང་པ་པོ་སོ་སོའི་མྱོང་རྒྱུས་དགོངས་ཚུལ་གང་གསུངས་སོར་བཞག་ཡིག་འབེབས་གུང་བསྒྲིགས་ཀྱིས་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་ཉམས་ཞིབ་དཔྱད་གཞིར་དཔར་འགྲེམས་ཞུ་རྒྱུ་ལས། བརྗོད་དོན་རྣམས་ལ་བཅོས་སྒྲིག་གི་འགན་དབང་སྤྱོད་ཀྱི་མེད།

འབྲེལ་ཡོད་མི་སྣ།

དབང་འདུད་ཚེ་རིང༌།
ངག་རྒྱུན་ལོ་རྒྱུས་སྡེ་ཚན་འགན་འཛིན།

སྙིང་བསྡུས།

ཕྱི་ལོ་ ༢༠༡༥ ལོའི་གནས་བསྡུས།
  • ད་བར་བོད་མི་རྒན་རབས་མང་པོར་བཅར་འདྲི་སྒྲ་འཇུག་ཞུས་ཡོད་པ་དང། འདི་ལོར་ཀ་རྡོར་སྒང་གསུམ་དུ་ཆེད་བཅར་གྱིས་མི་སྣ་རྒན་རབས་སུམ་ཅུ་ལྷག་ཙམ་ལ་ངག་རྒྱུན་ལོ་རྒྱུས་བཅར་འདྲི་ཞུས།
  • ཆོལ་གསུམ་མི་སྣ་འདྲ་མིན་གྱི་ལོ་རྒྱུས་སྣ་ཚོགས་དཔར་སྐྲུན་ཞུས་པ་ལས་ད་ལྟའི་ཆར་ངག་རྒྱུན་དེབ་ཕྲེང་ ༣༦ སླེབས་ཡོད།ཞིབ་ཕྲ་གཤམ་གྱི་དཀར་ཆག་ནང་གཟིགས་པར་འཚལ།

ཕབ་ལེན།

ངག་རྒྱུན་དེབ་ཕྲེང་གི་དཀར་ཆག

ཀ་རྡོར་སྒང་གསུམ་དུ་བཅར་འདྲི་ཞུས་པའི་འདྲ་དཔར།